སྟོན་མཉམ
རྒྱུད་ལས། ཆར་དུས་ལྷོ་ཕྱོགས་འགྲོ་ཚེ་སླར་སྟོབས་སྐྱེད།། བསིལ་བ་ཟླ་བའི་སྟོབས་ལྡན་ཉི་མ་འབྲི།། ཆར་བབས་རླུང་གིས་ས་སྟེང་ཚ་བ་ཞི།། སྐྱུར་དང་ལན་ཚ་མངར་བའི་རོ་སྟོབས་སྐྱེད།།ཅེས་པ་སྟེ། ཆར་དུས་ཏེ་དབྱར་ཉི་ལྡོག་ནས་ཆར་བབས་པའི་དུས་ལ་སླེབས་པ་དང་ཉི་མ་རིམ་བཞིན་ལྷོ་ཕྱོགས་སུ་འགྲོ་བའི་ཟླ་བ་དྲུག་གི་ཡུན་དེ་ལ། ཉི་མ་བྱང་བགྲོད་ཀྱི་དུས་སུ་མི་རྣམས་ཀྱི་མཐུ་སྟོབས་ཉམས་པ་དེ་སླར་རིམ་གྱིས་སྟོབས་སྐྱེད་པར་གྱུར་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕྱི་ནང་འབྱུང་བའི་ངོ་བོ་ཡང་བསིལ་བས་ན་ས་ཆུའི་རང་བཞིན་ཟླ་བའི་སྟོབས་གྲང་བ་སོགས་དང་ལྡན་པ་དེས་ཉི་མའི་རང་བཞིན་གྱི་སྟོབས་རྣོ་ཚ་རྣམས་འབྲི་བར་འགྱུར་ལ། དེའི་ཚེ་ས་སྟེང་དུ་ཆར་བབས་ཏེ་ཆར་རླུང་གི་བརླན་གཤེར་དང་བསིལ་བའི་ནུས་པས་ས་སྟེང་གི་ཚ་བ་ཐམས་ཅད་ཞི་ནས། མཆོག་གི་རོ་གསུམ་སྟེ་སྐྱུར་བ་དང་། ལན་ཚ་བ། མངར་བ་བཅས་ཀྱི་ནུས་སྟོབས་ཆེ་བར་གྱུར་ཏེ་ཁམས་སྐྱེད་པར་བྱེད་པ་ཡིན་ནོ།། དེ་ཡང་རིམ་བཞིན་དུ་དབྱར་གྱི་ཚེ་མེ་ས་དང་། སྟོན་གྱི་ཚེ་ཆུ་མེ་དང་། དགུན་སྟོད་ཀྱི་ཚེ་ས་ཆུའི་ཁམས་ཤས་ཆེ་བའི་དབང་གིས་ཡིན་ལ། རོ་དེ་གསུམ་གའི་སྟོབས་ཤིན་ཏུ་ཆེ་ཞིང་མཐུ་ཁྱད་པར་ཅན་རྫོགས་པར་འགྱུར་བ་ཡིན་ཞེས་པ་ནི་བགྲོད་གཉིས་ལས་ལྷོ་བགྲོད་ལ་དགོངས་ནས་གསུངས་པ་ཡིན་ཞིང་། བྱེ་བྲག་སྟོན་མཉམ་དུས་ཀྱི་བདེ་སྲུང་བྱ་ཐབས་ནི། རྒྱུད་ལས། དབྱར་བསིལ་འཕྲལ་དུ་ལུས་ལ་ཉི་ཟེར་གདུངས།། ཆར་དུས་བསགས་པའི་མཁྲིས་པ་སྟོན་ན་ལྡང་།། དེ་བསལ་ཕྱིར་ན་མངར་ཁ་བསྐ་བ་བསྟེན།། ག་བུར་ཙན་དན་ཨུ་ཤིར་དྲི་ལྡན་པའི།། གོས་བགོ་ཁང་བ་ཆག་ཆག་བཏབ་པར་འདུག། ཅེས་པ་སྟེ།དབྱར་དུས་སུ་སྣུམ་ཞིང་རྣོ་བའི་རང་བཞིན་གྱིས་མཁྲིས་པ་འཕེལ་ཡང་ཆར་རླུང་གི་ནུས་པ་རབ་ཏུ་བསིལ་བས་མགོ་མནན་པས་མཁྲིས་པ་གསོག་པ་ལས་ལྡང་བར་མི་ནུས་ལ། སྟོན་གྱི་དུས་སུ་སླེབས་པ་ན་ཆར་རིམ་བཞིན་ཆད་ཅིང་གྲང་རླུང་ཞི་ནས་འཕྲལ་དུ་ལུས་ཉི་མའི་འོད་ཟེར་གྱིས་གདུངས་པས་ན། ཆར་དུས་བསགས་པའི་མཁྲིས་པ་དེ་སྟོན་དུས་སུ་མགོ་གནོན་མེད་པས་མངོན་སུམ་ལྡང་བར་བྱེད་པ་ཡིན་ལ། དེས་ན་སྟོན་དུས་སུ་མཁྲིས་ནད་ལྡང་བ་དེ་བསལ་ཞིང་ཞི་བར་བྱེད་པའི་ཕྱིར་དུ་ཟས་སྐོམ་གྱི་རོ་ཡང་མངར་བ་དང་ཁ་བ་དང་བསྐ་བ་རྣམས་ཤས་ཆེར་བསྟེན་པར་བྱ་ཞིང་། དེ་ཚེ་རྒྱུན་དུ་ག་བུར་དང་ཙན་དན།ཨུ་ཤིར་ཏེ་སྔོ་པུ་ཤེལ་ཙེ་སོགས་དྲི་དང་ལྡན་པའི་གོས་བགོ་བ་དང་། ཁང་པའི་ནང་དུའང་སྨན་བཟང་བསིལ་ལ་དྲི་ཞིམ་དང་ལྡན་པའི་སྤོས་ཆུས་བརླན་ནས་བག་དང་ལྡན་པར་འདུག་དགོས་ལ། སྤྱོད་ལམ་ཀྱང་དྲག་ཤུལ་གྱི་སྤྱོད་ལམ་སྤང་ནས་རྩོལ་བཅག་རན་པར་བྱ་དགོས། སྤྱིར་མཁྲིས་པ་བཤལ་ལས་མི་འདའ་བས་བཤལ་དང་འཇམ་རྩི་གཏོང་བ། གཏར་ཁ་རྒྱག་པ། མེ་བུམ་འཇོག་པ། ཆུ་ལུམས། བཅིངས་ལུམས། རླངས་ལུམས། ཙོག་ལུམས། རྐང་ཁྲུས་སོགས་ལུམས་རིགས་སྣ་ཚོགས་བསྟེན་པ་དང་། དེ་མིན་ཁྲུས་སུ་ཞུགས་པ། བསིལ་དུགས་སོགས་བསྟེན་ན་ཤིན་ཏུ་ལེགས་སོ།།
展开剩余1%来源:果洛州藏医院
发布于:北京市